rKTs


H51

(e-text produced by ACIP)




115a
རྒྱ་གར་སྐད་དུ། ཨཱརྱ་ཝརྨ་བྱཱུ་ཧ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།་བོད་སྐད་དུ། འཕགས་པ་གོ་ཆའི་བཀོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལནད་ཀའི་གནས་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ལ་འཁོར་མང་པོ་བརྒྱ་སྟོང་ཚད་མེད་པས་ཡོངས་སུ་བསྐོར་ཞིང་གུས་པས་རིམ་གྲོ་དང ། བཀུར་སྟིར་བྱས་པར་གྱུར་ཏོ། །དེའི་ཚེ་འཁོར་འདུས་པ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ཞེས་བྱ་བ་འདུས་པར་གྱུར་པ་དེ་འདུག་པའི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སྤྱི་བོས་བཏུད་དེ་ཕྱག་འཚལ་